ཐུགས་རྗེ་ཅན།
འདས་པའི་ཤི་བོ་དེ་དག་སྙིང་རེ་རྗེ།།
གསོན་པའི་ཡུགས་མོ་དེ་དག་སྙིང་རེ་རྗེ།།
ཕ་མེད་མ་མེད་དེ་དག་སྙིང་རེ་རྗེ།།
དྭ་ཕྲུག་དམར་རྗེན་དེ་དག་སྙིང་རེ་རྗེ།།
ཐུགས་རྗེ་ཅན་གྱིས་གངས་རིའི་རྩེ་ནས་གཟིགས།།
རང་ས་རང་གིས་ཟིན་པར་བྱིན་གྱིས་རློབས།།
ནག་མེད་ཉེས་འགལ་བྱས་ན་ཡིད་རེ་སྐྱོ།།
དོན་མེད་བཀལ་ལོག་བྱས་ན་སེམས་རེ་ཕམ།།
སྐྱོན་མེད་སྲོག་ཁྲིམས་བཅད་ན་ཞེ་རེ་སྡུག །
ཉེས་མེད་བཙོན་དུ་བཅུག་ན་སྙིང་རེ་ཁྲོ།།
ཐུགས་རྗེ་ཅན་གྱིས་གངས་རིའི་རྩེ་ནས་གཟིགས།།
རང་ས་རང་གིས་ཟིན་པར་བྱིན་གྱིས་རློབས།།
རང་སྲོག་བོའུ་མཆུར་བསྒོས་པའི་ཕུ་ནུ་རྣམས།།
མགོ་ཁྲག་ལུས་ལ་བསྐོན་པའི་ཕུ་ནུ་རྣམས།།
ཡན་ལག་གྲི་ཡིས་བཅད་པའི་ཕུ་ནུ་རྣམས།།
གློ་སྙིང་ཐང་ལ་བསྒོར་བའི་ཕུ་ནུ་རྣམས།།
ཐུགས་རྗེ་ཅན་གྱིས་ཁྱེད་ཚོར་ལམ་སྟོན་ཞིང་།།
རང་དབང་འོད་གསལ་ས་ལ་འཁྲིད་པར་ཤོག །
No comments:
Post a Comment